top of page
  • Facebook
  • Twitter
  • LinkedIn
  • Instagram

ངོ་སྤྲོད། About Us

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས།

བོད་ཀྱི་རང་དབང་ལྡན་པའི་གསར་འགོད་ལས་རིགས་གོང་འཕེལ་གཏོང་རྒྱུ། གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ། རང་དབང་དང་། བཟང་སྤྱོད་ལྡན་པའི་གསར་ལམ་ལ་བརྟེན་ནས་དམངས་གཙོའི་རིན་ཐང་སྲ་བརྟན་དུ་གཏོང་རྒྱུ།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ (ITMO) ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ལ་གནས་ཚུལ་ཁུངས་ལྡན་དང་། བཤེར་འགོག་མེད་པ། རང་དབང་ལྡན་པའི་གསར་འགོད་ལས་རིགས་ཀྱི་གསར་འགྱུར་ཁག་ལོངས་སུ་སྤྱོད་རྒྱུར་དམིགས་ཏེ་བཙུགས་པའི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་གྱི་ལས་དོན་ཚགས་ཚུད་གཏོང་མཁན་གྱི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཡིན། དེང་གི་གསར་འགྱུར་བཀག་སྡོམ་དང་དམ་དྲག་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ (ITMO) ཀྱིས་བོད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་མུ་མཐུད་རྒྱུན་གནས་དང་། རང་རྐྱ་འཕེར་བའི་གསར་འགོད་པར་རྒྱབ་སྐྱོར། བོད་ཀྱི་སྤྱི་ཚོགས་ཁྲོད་གསར་འགོད་རང་དབང་གི་གལ་ཆེའི་ནུས་སྟོབས་སྲུང་སྐྱོབ་ཀྱི་ལས་ལ་འབད་བཞིན་ཡོད།

 

ང་ཚོའི་འགན་འཁྲི།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱིས་རང་དབང་དང་།  བཟང་སྤྱོད་ཚུལ་ལྡན་གྱི་གསར་འགོད་ལས་རིགས་ཐད་འབད་བརྩོན་བྱ་ཡུལ་ཁག་ནི།

༡ བོད་མི་རྣམས་ལ་ཁུངས་ལྡན་ཡིན་ཞིང་བཤེར་འགོག་བྱས་མེད་པའི་གསར་འགྱུར་ལ་ལྟ་ཀློག་ཐུབ་པ་བྱ་རྒྱུ།

༢ རྒྱལ་མཚམས་བརྒལ་ཏེ་གནས་ཚུལ་ཕར་གཏོང་ཚུར་ལེན་གྱི་ལམ་ནས་དམངས་གཙོའི་རིན་ཐང་སྲ་བརྟན་གཏོང་རྒྱུ།

༣ འཛམ་གླིང་ས་གནས་གང་སར་གནས་པའི་བོད་སྐད་ཡིག་གི་གསར་འགྱུར་བརྒྱུད་ལམ་དང་། བོད་མིའི་གསར་འགོད་པ་སྒེར་བ་རྣམས་ལ་རྒྱབ་སྐྱོར་བྱ་རྒྱུ།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO) ཀྱིས། ཆེད་ལས་རང་བཞིན་གྱི་ཚད་ལྡན་གསར་འགོད་དང་། རྩོམ་སྒྲིག་རང་དབང་། གནས་ཚུལ་གེགས་མེད་རང་དབང་ངང་ཁྱབ་སྤེལ་བྱ་རྒྱུ་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་རྨང་རྡོ་རུ་ངོས་འཛིན་བྱེད་པ་ཡིན།

ང་ཚོའི་དམིགས་ཡུལ།

༡ གསར་འགྱུར་བརྒྱུད་ལམ་ཁག་ལ་ལྟ་ཀློག་ཐུབ་པ་བྱ་རྒྱུ།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO) ཀྱིས་བོད་མི་རྣམས་ལ་རང་དབང་དང་ཡིད་རྟོན་རུང་བའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགྱུར་ཁག་ལྟ་ཀློག་ཐུབ་པ་ཡོང་རྒྱུའི་ལས་དོན་གོང་སྤེལ་བྱ་རྒྱུ་དང་། ང་ཚོས་བོད་ནང་གི་གནས་ཚུལ་ཁག་དུས་ཐོག་དང་ཇི་མ་ཇི་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་སླེབས་ཐབས་བྱ་རྒྱུ་ཡིན།

༢ བོད་སྐད་རླུང་འཕྲིན་ཁག་སླར་གསོ་བྱ་རྒྱུ།

བོད་ནང་གི་བོད་མི་ཚོའི་སྲོག་རྩ་ལྟ་བུར་གྱུར་བའི་ཨ་རིའི་རླུང་འཕྲིན་ཁང་ (VOA) དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གཉིས་ཀྱི་བོད་སྐད་ལེ་ཚན་ཁག་སླར་གསོ་ཡོང་ཆེད། རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO ) ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་ཚོགས་པ་དང་རྒྱབ་སྐྱོར་བ་རྣམས་དང་མཉམ་རུབ་ཀྱིས་ཞུ་སྐུལ་ལས་འགུལ་སྤེལ་བཞིན་ཡོད།

༣ འགན་འཁུར་ལྡན་པའི་གསར་འགོད་ལས་རིགས་གོང་སྤེལ།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO) ཀྱིས་དྲང་བདེན་དང་། ཕྱོགས་ལྷུང་བྲལ་བ། ཡིད་རྟོན་རུང་བའི་གསར་འགོད་ལས་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། གནས་ཚུལ་འཁྱོག་བཤད་དང་། གཞུང་འབྲེལ་གྱི་དྲིལ་བསྒྲགས་རྫུན་མ་ཐེར་འདོན་བྱས་ནས་གནས་ཚུལ་ངོ་མ་ཇི་བཞིན་སྤེལ་རྒྱུར་ང་ཚོས་རོགས་འདེགས་བྱེད་ཀྱིན་ཡོད།

༤ བཙན་བྱོལ་བོད་པའི་དམངས་གཙོ་སྲ་བརྟན་གཏོང་རྒྱུ།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO) ཀྱིས་རང་དབང་ལྡན་པའི་གསར་འགྱུར་ལས་ཁང་ནི་བོད་པའི་དམངས་གཙོའི་ཀ་བ་གཙོ་བོ་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱིན་ཡོད། ང་ཚོས་བོད་ནང་གི་བོད་མི་དང་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིའི་བར་གནས་ཚུལ་བརྗེ་རེས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བྱེད་ཀྱིན་ཡོད།

༥ རང་དབང་ལྡན་པའི་བོད་ཀྱི་གསར་འགྱུར་བརྒྱུད་ལམ་གཉེར་མཁན་ཚོར་རྒྱབ་སྐྱོར་བྱ་རྒྱུ།

རྒྱལ་སྤྱིའི་བོད་ཀྱི་གསར་འགྱུར་སྒྲིག་འཛུགས་(ITMO) ཀྱིས་རང་དབང་ལྡན་པའི་བོད་པའི་གསར་འགོད་པ་དང་། བརྒྱུད་ལམ་བཟོ་སྐྲུན་པ་རྣམས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེའི་ནང་འཛམ་གླིང་ཡོངས་ཀྱི་བོད་མི་ལྟ་ཉན་པ་ཚོའི་ཆེད་དུ་བཟོས་པའི་གསར་འགྱུར་ལེ་ཚན་དང་། བཅར་འདྲིའི་ལེ་ཚན། སྒྲ་འཇུག་ལེ་ཚན། (podcasts) དངོས་བྱུང་གློག་བརྙན། དམིགས་བསལ་ལེ་ཚན་བཅས་གསར་བཟོ་བྱེད་མཁན་རྣམས་ཚུད་ཡོད།

 

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་བྱུང་རིམ།

༢༠༢༥ ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་རླུང་འཕྲིན་ཁང་ (VOA) དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གཉིས་ཀྱི་བོད་སྐད་སྡེ་ཚན་གྱི་ལས་རིམ་མཚམས་འཇོག་བྱས་རྗེས། རླུང་འཕྲིན་ཁང་དེ་གཉིས་ཀྱི་ལས་བྱེད་ཟུར་པ་དང་ད་ལྟའི་ལས་བྱེད་རྣམས་ཀྱིས་བློ་ཚབས་ཆེན་པོའི་ངང་ནས་༼ རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས ༽ འདི་ཉིད་གསར་དུ་བཙུགས་པ་ཡིན།

རླུང་འཕྲིན་ཁང་དེ་གཉིས་གློ་བུར་དུ་སྒོ་བརྒྱབ་པའི་གནས་ཚུལ་དེའི་རྐྱེན་གྱིས་བོད་ནང་དུ་རྒྱལ་སྤྱིའི་བོད་སྐད་རླུང་འཕྲིན་གསར་འགྱུར་གྱི་རྒྱང་སྲིང་ཧ་ལམ་མཚམས་ཆད་པ་ལྟ་བུར་གྱུར་ཞིང་། བོད་ནང་གི་བོད་མི་དང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བཙན་བྱོལ་བོད་མི་རྣམས་ལ་ཡུན་རིང་ཞབས་ཞུ་བསྒྲུབས་ཤིང་དགའ་མོས་བྱེད་སའི་གསར་འགྱུར་ལས་ཁང་དེ་གཉིས་གྲགས་འགུལ་མེད་པར་གྱུར་བ་མ་ཟད་གྱོང་གུད་ཆེན་པོ་ཐེབས། གནས་སྟངས་དེའི་རྐྱེན་གྱིས་༢༠༢༥ ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་། ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་ཟུར་བ་རྣམས་ཀྱིས་ཨ་རིའི་གཞུང་དང་། གྲོས་ཚོགས་ལ་གལ་ཆེའི་གསར་འགྱུར་ཁང་འདི་གཉིས་འཕྲལ་དུ་བསྐྱར་གསོ་དགོས་པའི་ཞུ་གཏུག་རིམ་པ་མང་པོ་བྱས་ཏེ་ལས་འགུལ་སྤེལ། ད་ལྟའང་འགྲོ་བཞིན་པའི་ལས་འགུལ་འདི་དག་ལ་གཤམ་གསལ་སྡེ་ཚན་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད།

• བྱང་ཨ་རིའི་ས་གནས་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག

• འཛམ་གླིང་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༤༧

• རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། (ICT)

• བཙན་བྱོལ་བོད་མིའི་སྒྲིག་འཛུགས།

ཞུ་གཏུག་གི་ལས་འགུལ་དེ་དག་དང་མཉམ་དུ་བོད་མི་གསར་འགོད་པ་དང་བརྒྱུད་ལམ་ཆེད་ལས་པ་རྣམས་ཀྱིས་ད་ལྟའི་དཀའ་ངལ་དང་ཡུན་རིང་གི་འཆར་འགོད་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཟབ་མོ་བྱས་ཤིང་། བགྲོ་གླེང་འདི་དག་ལ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། དཔལ་ལྡན་རྒྱལ། པདྨ་རྡོ་རྗེ། བློ་བཟང་ཡེ་ཤེས་བཅས་ཀྱི་སྐུལ་མའི་འོག་མང་ཚོགས་ཁྲོད་བགྲོ་གླེང་རབ་དང་རིམ་པ་བརྒྱུད་ནས་མཐུན་འགྱུར་རོགས་རམ་གནང་།

བགྲོ་གླེང་རིམ་པ་དེ་དག་བརྒྱུད་ནས་སྤྱི་མོས་ཀྱི་དགོངས་པ་གཅིག་མཐུན་ཞིག་བྱུང་བ་ནི། བོད་ནང་གི་གསར་འགྱུར་བཀག་སྡོམ་གྱི་དཀའ་ངལ་སེལ་ཆེད་དང་། བོད་པའི་སྤྱི་ཚོགས་དང་དམངས་གཙོའི་འཚོ་བའི་ནང་དམངས་གཙོའི་ཀ་བ་ལྟ་བུའི་རང་དབང་ཅན་གྱི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཤིག་དགོས་གལ་ཆེ་བར་མཐོང་ནས། ༼ རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས ༽  འདི་ཉིད་གསར་འཛུགས་བྱས་བ་ཡིན།

ང་ཚོའི་སྐོར།
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ནི་ཉམས་མྱོང་ཅན་གྱི་བོད་མི་གསར་འགོད་པ་དང་བརྒྱུད་ལམ་ཆེད་ལས་པ་རྣམས་ཀྱིས་གསར་འཛུགས་བྱས་པའི་རང་རྐྱ་འཕེར་བ། ཕྱོགས་ལྷུང་བྲལ་བ། ཁེ་འབབ་ལ་མི་དམིགས་པའི་རང་དབང་གི་གསར་འགོད་ལས་རིགས་ཀྱི་སྒྲིག་འཛུགས་ཤིག་ཡིན།

 

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ཀྱི་དམ་བཅའ་ནི།

• སྤུས་ཚད་མཐོ་བའི་བོད་སྐད་ཡིག་གི་གསར་འགྱུར་འདོན་སྤེལ་ཐད་རྒྱབ་སྐྱོར་བྱ་རྒྱུ།

• གསར་འགོད་པའི་བཟང་སྤྱོད་དང་། རྩོམ་སྒྲིག་རང་དབང་སྲུང་སྐྱོབ་བྱ་རྒྱུ།

• བོད་མི་གསར་འགོད་པའི་ཆེད་ལས་ནུས་པ་གོང་འཕེལ་གཏོང་རྒྱུ།

• བོད་ཀྱི་སྤྱི་ཚོགས་ནང་ཁུལ་དུ་རྒྱལ་མཚམས་བརྒལ་བའི་གནས་ཚུལ་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ནི་རིག་གཞུང་རྒྱུན་གནས་དང་། སྤྱི་འབངས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱི་ཁེ་དབང་། དམངས་གཙོའི་སྲ་བརྟན་རང་བཞིན་བཅས་ཀྱི་གལ་གནད་སྲོག་རྩ་ལྟ་བུ་ཡིན་པར་ང་ཚོས་ཡིད་ཆེས་ཀྱིས་ལམ་སྟོན་དེའི་འོག་ལས་དོན་བསྒྲུབ་བཞིན་ཡོད།

 

འགན་འཛིན་ལྷན་ཚོགས། 

དཔལ་ལྡན་རྒྱལ།  ཚོགས་གཙོ།

དགོན་གསར་དོན་གྲུབ་རྣམ་རྒྱལ། དྲུང་ཆེ།                

ཨ་མདོ་ལྷུན་གྲུབ། དཔལ་འབྱོར་དོ་དམ་པ།

པ་སངས་དབྱངས་སྐྱིད། འགན་འཛིན་ཁོངས་མི།

ཝར་རེན སི་མེ་ཐི། འགན་འཛིན་ཁོངས་མི།

རྒྱ་རི་རྡོ་རྗེ་ཐོགས་མེད། འགན་འཛིན་ཁོངས་མི།

བསྟན་འཛིན་ལྷུན་གྲུབ། འགན་འཛིན་ཁོངས་མི།

 

དཔལ་ལྡན་རྒྱལ་ནི་ལོ་ངོ་སུམ་ཅུ་ལྷག་གི་རིང་བོད་ཀྱི་གསར་བརྒྱུད་ལམ་དེང་རབས་ཀྱི་རྣམ་པ་བསྒྱུར་མཁན་གྱི་ཉམས་མྱོང་ཅན་གྱི་གསར་འགོད་པ་ཞིག་ཡིན། ཁོང་གིས་ལོ་ངོ་༢༩ རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་དང་། རྩོམ་སྒྲིག་འགན་འཛིན། འགན་འཛིན་གཞོན་པ་གནང་ཡོད། ཁོང་ལ་ཨིཌ་ཝཌ་ཨར་མུ་རོ་  Edward R. Murrow Award གཟེངས་རྟགས་ཐོབ་ཡོད། དེ་བཞིན་དམངས་གཙོ་ཚགས་པར་དང་། བོད་ཀྱི་དུས་བབ་གསར་ཤོག་གསར་འཛུགས་བྱེད་མཁན་གྲས་ཡིན། ཁོང་ནི་བོད་དུ་སྐྱེས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་དུ་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་ལ་སློབ་སྦྱོང་གནང་བ་དང་། ཕྱིས་སུ་ལོན་ཌོན་གྱི་ University of Westminster ཝེ་སི་མིང་སི་ཊར་སློབ་ཆེན་དུ་རྒྱལ་སྤྱིའི་འབྲེལ་ལམ་སྐོར་ལ་སློབ་སྦྱོང་གནང་ཡོད་པ་རེད།

 

པ་སངས་དབྱངས་སྐྱིད་ནི་ལོ་ ༣༠ ལྷག་གི་གསར་འགོད་པའི་ལས་ཀའི་ཉམས་མྱོང་ལྡན་པའི་གསར་འགོད་པ་ཞིག་ཡིན།  ཁོང་ནས་ཨ་རིའི་རླུང་འཕྲིན་ཁང་ལ་ལོ་ ༣༠ ཙམ་ལས་ཀ་བྱས་པའི་རིང་བོད་པའི་ཁྲོད་དགའ་མོས་ཆེ་བའི་ཀུན་གླེང་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་དང་། དེ་མིན་རླུང་འཕྲིན་དང་ སྤྱི་ཚོགས་དྲ་ལམ་ཐོག་གསར་འགོད་ཀྱི་ལས་ཀ་མང་པོ་བྱས་པའི་གྲུབ་འབྲས་ལ་མི་མང་པོས་ངོས་འཛིན་བྱས་ཡོད། པ་སངས་དབྱངས་སྐྱིད་ནི་བོད་དུ་སྐྱེས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་སློབ་ཐོན་སློབ་མ་དང་པོའི་གྲས་ཤིག་ཡིན།

 

རྒྱ་རི་རྡོ་རྗེ་ཐོགས་མེད་ནི་ཨ་རིའི་རླུང་འཕྲིན་ཁང་དུ་ལོ་ངོ་ ༢༩ རིང་ཕྱག་ལས་གནང་བའི་ཉམས་མྱོང་ལྡན་པའི་གསར་འགོད་པ་ཞིག་ཡིན།  ཁོང་ནི་ཨ་རིའི་རླུང་འཕྲིན་ཁང་དུ་ཁམས་སྐད་ནང་རླུང་འཕྲིན་རྒྱང་སྲིང་གནང་མཁན་ཐོག་མར་དེ་ཡིན། དེའི་གོང་དུ་ཁོང་གིས་བོད་གཞུང་དང་རྒྱ་གར་གཞུང་གི་འབྲེལ་ཡོད་ཚན་པའི་ནང་ལོ་ངོ་༡༩ཙམ་གྱི་རིང་ཞིབ་འཇུག་དང་ཡིག་སྒྱུར་གྱི་ཕྱག་ལས་གནང་ཡོད་པ་དང་། རྒྱ་གར་གྱི་ (St. Joseph’s College) མཐོ་རིམ་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པའི་སློབ་ཐོན་བྱུང་ཡོད།

ཨ་མདོ་ལྷུན་གྲུབནི་དངུལ་རྩིས་ཆེད་ལས་མཁས་པ་ཞིག་ཡིན། ལོ་མང་རིང་ཨ་རིའི་གཞུང་འབྲེལ་གན་རྒྱ་དང་།  སྒེར་གཉེར་ལས་ཁང་དུ་དངུལ་རྩིས་ལས་དོན་གནང་བའི་ཉམས་མྱོང་ཡོད། མོན་ཊེ་རེ་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་ནས་ཚོང་ལས་རིག་པའི་སློབ་ཐོན་དང་། ད་ལྟ་རྒྱལ་སྤྱིའི་འཕེལ་རྒྱས་ Panagora Group ་པ་ན་གོ་ར་ཚོགས་པའི་དངུལ་རྩིས་འགན་འཛིན་གྱི་ཕྱག་ལས་གནང་བཞིན་ཡོད། ཁོང་གིས་བོད་མིའི་སྒྲིག་འཛུགས་ནང་ཕྭག་ལསགགནང་མྱོང་ཡོད་ལ།  གློག་བརྙན་སྐུ་མདུན་བཟོ་སྐྲུན་གྱི་ལས་དོན་ནང་ཕྱག་ལས་གནང་ཡོད། ཁོང་ནི་བོད་གསར་འགྱུར་བརྒྱུད་ལམ་དང་།  དམངས་གཙོའི་འཕེལ་རིམ་ལ་དོ་སྣང་ཆེན་པོ་ཡོད།

Warren W. Smith ཝ་རན་སི་མིད་ལགས་ནི།   the Fletcher School of Law and Diplomacy in International Relations  ནས་འབུམ་རམས་པའི་སློབ་གཉེར་ཐོན་ཡོད། ཁོང་གིས་ ༼ བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་།  རྒྱ་ནག་དང་བོད་ཀྱི་འབྲེལ་ལམ།༽ ཞེས་པའི་དཔེ་དེབ་ཐེ་བའི་བོད་དོན་སྐོར་ལ་དཔེ་དེབ་ལྔ་རྩོམ་སྒྲིག་གནང་ཡོད་ལ། ལོ་ངོ་ ༢༢ རིང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་དཔྱད་བརྗོད་པ་དང་། གསར་འགོད་པའི་ཕྱག་ལས་གནང་ཡོད།

སློན་སྟོན་ཚོགས་ཆུང།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ཨ་རིའིVOA རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན།

པད་མ་རྡོ་རྗེ། ཨ་རིའིVOA རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན།

བློ་བཟང་ཡེ་ཤེས། ཨ་རིའིVOA རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན།

ལྷག་པ་སྐྱིད་འཛོམས། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་གསར་འགོད་པ།

བློ་བཟང་རྒྱ་མཚོ།  ཨ་རིའིVOA རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ཟུར་བ།

སྒྲོལ་མ། མཚོ་སྔོན་རླུང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་བ།

Contact

I'm always looking for new and exciting opportunities. Let's connect.

bottom of page