
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་གསར་དུ་བཙུགས།
3/21/26, 10:00 PM
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ (ITMO) འདི་ཉིད་༢༠༢༥ ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་གསར་དུ་བཙུགས་པ་གསལ་བསྒྲགས།

རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་གསར་དུ་བཙུགས།
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ (ITMO) འདི་ཉིད་༢༠༢༥ ལོའི་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་གསར་དུ་བཙུགས་པ་གསལ་བསྒྲགས།
ཨ་རིའི་རླུང་འཕྲིན་ཁང་ (VOA) དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གཉིས་ཀྱི་བོད་སྐད་སྡེ་ཚན་གྱི་ལས་རིམ་མཚམས་འཇོག་བྱས་རྗེས། རླུང་འཕྲིན་ཁང་དེ་གཉིས་ཀྱི་ལས་བྱེད་ཟུར་པ་དང་ད་ལྟའི་ལས་བྱེད་རྣམས་ཀྱིས་བློ་ཚབས་ཆེན་པོའི་ངང་བོད་ཀྱི་རང་དབང་ལྡན་པའི་གསར་འགོད་ལས་རིགས་གོང་འཕེལ་གཏོང་རྒྱུ། གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ།རང་དབང་ལྡན་པའི་གསར་ལམ་ལ་བརྟེན་ནས་དམངས་གཙོའི་རིན་ཐང་སྲ་བརྟན་དུ་གཏོང་ཆེད་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་སྒྲིག་འདི་གསར་དུ་བཙུགས་པ་ཡིན། སྒྲིག་འཛུགས་འདི་ནི་ཨ་རིའི་ནང་སྲིད་ལས་ཁུངས་ཀྱི་དཔྱ་ཁྲལ་ཁྲིམས་ཡིག་དོན་ཚན་ 501(c)(3) ནང་གསལ་ལྟར། ཤེས་ཡོན་དང་། དགེ་རྩ། སྤྱི་ཕན་བཅས་ཀྱི་དམིགས་ནས་རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ (ITMO) འདི་ཉིད་ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨ་རིའི་ཝི་ཇི་ནི་ཡ་ (Virginia) མངའ་སྡེའི་ནང་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད།
ང་ཚོའི་དམིགས་འདུན།
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་ (ITMO) ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ལ་གནས་ཚུལ་ཁུངས་དག་དང་། བཤེར་འགོག་མེད་པ། རང་དབང་ལྡན་པའི་གསར་འགྱུར་ལོངས་སུ་སྤྱོད་རྒྱུར་དམིགས་ཏེ་བཙུགས་པའི་རང་དབང་ལྡན་པའི་གསར་འགྱུར་བརྒྱུད་ལམ་ཡིན།
ང་ཚོའི་མིང་གཞི་གསུམ་ལ། བོད་ཀྱི་རང་དབང་ལྡན་པའི་གསར་འགོད་ལས་རིགས་གོང་འཕེལ་གཏོང་རྒྱུ། གནས་ཚུལ་ཇི་བཞིན་ཤེས་རྟོགས་ཐུབ་པའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ། དང་། རང་དབང་ལྡན་པའི་གསར་ལམ་ལ་བརྟེན་ནས་དམངས་གཙོའི་རིན་ཐང་སྲ་བརྟན་དུ་གཏོང་རྒྱུ་བཅས་ཡོད།
ང་ཚོའི་དམིགས་ཡུལ།
༡ གསར་འགྱུར་བརྒྱུད་ལམ་ཁག་ལ་ལྟ་ཀློག་ཐུབ་པ་བྱ་རྒྱུ།
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO) ཀྱིས་བོད་མི་རྣམས་ལ་རང་དབང་དང་ཡིད་རྟོན་རུང་བའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་གྱི་གསར་འགྱུར་ཁག་ལྟ་ཀློག་ཐུབ་པ་ཡོང་རྒྱུའི་ལས་དོན་གོང་སྤེལ་བྱ་རྒྱུ་དང་། ང་ཚོས་བོད་ནང་གི་གནས་ཚུལ་ཁག་དུས་ཐོག་དང་ཇི་མ་ཇི་བཞིན་དུ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་སླེབས་ཐབས་བྱ་རྒྱུ་ཡིན།
༢ བོད་སྐད་རླུང་འཕྲིན་ཁག་སླར་གསོ་བྱ་རྒྱུ།
བོད་ནང་གི་བོད་མི་ཚོའི་སྲོག་རྩ་ལྟ་བུར་གྱུར་བའི་ཨ་རིའི་རླུང་འཕྲིན་ཁང་ (VOA) དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གཉིས་ཀྱི་བོད་སྐད་ལེ་ཚན་ཁག་སླར་གསོ་ཡོང་ཆེད། རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO )ཀྱིས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་ཚོགས་པ་དང་རྒྱབ་སྐྱོར་བ་རྣམས་དང་མཉམ་རུབ་ཀྱིས་ཞུ་སྐུལ་ལས་འགུལ་སྤེལ་བཞིན་ཡོད།
༣ འགན་འཁུར་ལྡན་པའི་གསར་འགོད་ལས་རིགས་གོང་སྤེལ།
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO) ཀྱིས་དྲང་བདེན་དང་། ཕྱོགས་ལྷུང་བྲལ་བ། ཡིད་རྟོན་རུང་བའི་གསར་འགོད་ལས་རིགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། གནས་ཚུལ་འཁྱོག་བཤད་དང་། གཞུང་འབྲེལ་གྱི་དྲིལ་བསྒྲགས་རྫུན་མ་ཐེར་འདོན་བྱས་ནས་གནས་ཚུལ་ངོ་མ་ཇི་བཞིན་སྤེལ་རྒྱུར་ང་ཚོས་རོགས་འདེགས་བྱེད་ཀྱིན་ཡོད།
༤ བཙན་བྱོལ་བོད་པའི་དམངས་གཙོ་སྲ་བརྟན་གཏོང་རྒྱུ།
རྒྱལ་སྤྱིའི་བོད་ཀྱི་གསར་འགོད་སྒྲིག་འཛུགས་(ITMO)ཀྱིས་རང་དབང་ལྡན་པའི་གསར་འགྱུར་ལས་ཁང་ནི་བོད་པའི་དམངས་གཙོའི་ཀ་བ་གཙོ་བོ་ཞིག་ཡིན་པ་ནན་བརྗོད་བྱེད་ཀྱིན་ཡོད། ང་ཚོས་བོད་ནང་གི་བོད་མི་དང་འཛམ་གླིང་གང་སར་གནས་པའི་བཙན་བྱོལ་བོད་མིའི་བར་གནས་ཚུལ་བརྗེ་རེས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བྱེད་ཀྱིན་ཡོད།
༥ རང་དབང་ལྡན་པའི་བོད་ཀྱི་གསར་འགྱུར་བརྒྱུད་ལམ་གཉེར་མཁན་ཚོར་རྒྱབ་སྐྱོར་བྱ་རྒྱུ།
རྒྱལ་སྤྱིའི་བོད་ཀྱི་གསར་འགྱུར་སྒྲིག་འཛུགས་(ITMO) ཀྱིས་རང་དབང་ལྡན་པའི་བོད་པའི་གསར་འགོད་པ་དང་། བརྒྱུད་ལམ་བཟོ་སྐྲུན་པ་རྣམས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེའི་ནང་འཛམ་གླིང་ཡོངས་ཀྱི་བོད་མི་ལྟ་ཉན་པ་ཚོའི་ཆེད་དུ་བཟོས་པའི་གསར་འགྱུར་ལེ་ཚན་དང་། བཅར་འདྲིའི་ལེ་ཚན། podcasts དངོས་བྱུང་གློག་བརྙན། དམིགས་བསལ་ལེ་ཚན་བཅས་གསར་བཟོ་བྱེད་མཁན་རྣམས་ཚུད་ཡོད།